Friday, 1 June 2012

སོན་རྩ་ཡིན།



རྒྱལ་བའི་བཀའ་ཡི་གདོང་འབག་གྱོན་ཏེ་རང་དོན་སྒྲུབ་པའི་དཔོན་ངན་མིན།།
གཞན་ཕྱོགས་ཕམ་པའི་ཐོབ་ཐང་གོ་ས་དོན་དུ་གཉེར་མཁན་ཝ་མོ་མིན།།
གཡོ་སྒྱུས་ལོངས་སྤྱོད་དབང་སྟོབས་རྒྱས་ནས་རུལ་སུངས་བྱེད་མཁན་ལས་སྣེ་མིན།།
རིགས་ཞེན་སྙིང་སྟོབས་ལང་ཚོ་རྒྱས་པའི་ཁ་བ་ཅན་གྱི་སོན་རྩ་ཡིན།།

གཞུང་ཞེན་ལྷག་བསམ་ལ་རྒྱ་དབེན་པའི་ཆོལ་ཁར་དུངས་བའི་སྙན་མཁན་མིན།།
རྒྱས་གཅེས་སྙིང་སྟོབས་ལ་རྒྱ་དོར་ཏེ་སྲིན་བུ་རྒྱ་མིའི་ཉུལ་མ་མིན།།
རང་གི་རུས་ལ་ལ་རྒྱ་ཟད་པའི་ཕ་སྤྲེལ་རིགས་ཀྱི་རྐང་འདྲེན་མིན།།
རིགས་ཞེན་སྙིང་སྟོབས་ལང་ཚོ་རྒྱས་པའི་ཁ་བ་ཅན་གྱི་སོན་རྩ་ཡིན།།

སྐད་རིགས་གཞན་ལ་མཁས་པར་རློམ་པའི་གསར་སྐྱེས་ཀླད་སྟོང་གཞོན་ནུ་མིན།།
ཕ་མེས་ནོར་བུར་ངེས་ཤེས་བྲལ་བའི་གསར་བཤད་མཁན་པོའི་རྗེས་འབྲང་མིན།།
ནང་བསྟན་ཟབ་མོར་དམོད་པར་དགའ་བའི་སྙན་ངག་མཁན་པོའི་མིང་འཛིན་མིན།།
རིགས་ཞེན་སྙིང་སྟོབས་ལང་ཚོ་རྒྱས་པའི་ཁ་བ་ཅན་གྱི་སོན་རྩ་ཡིན།།

གཉའ་ཁྲིའི་བཙན་པོའི་རིགས་རྒྱུད་དག་ལ་མཛའ་བརྩེ་བྲལ་བའི་ཚོགས་གཙོ་མིན།།
གཞིས་ཀྱི་ཁྲག་དོན་ཁ་ལ་འཕྱར་ཏེ་རང་དོན་གཉེར་བའི་ཚོགས་གཙོ་མིན།།
བོད་ལ་མི་རུས་ལྷུན་པོར་འགྲེན་དུས་སྒེར་མིང་རྩོད་པའི་ཚོགས་གཙོ་མིན།།
རིགས་ཞེན་སྙིང་སྟོབས་ལང་ཚོ་རྒྱས་པའི་ཁ་བ་ཅན་གྱི་སོན་རྩ་ཡིན།།

གཅེས་པའི་རྒྱལ་ཁབ་དགྲ་ལ་ཤོར་ཀྱང་ཆོལ་ཞེན་རྩོད་པའི་ལག་རྡུམ་མིན།།
བཀུར་འོས་དཔའ་བོའི་ཚེ་སྲོག་བཞུད་ཀྱང་ནང་དམེ་བགྱིས་པའི་གླེན་ལྐུགས་མིན།།
ཀླད་ཁྲག་དམར་པོ་གནམ་ལ་ཐོན་ཀྱང་དོན་མེད་འཁྲུགས་པའི་སྨྱོན་པ་མིན།།
རིགས་ཞེན་སྙིང་སྟོབས་ལང་ཚོ་རྒྱས་པའི་ཁ་བ་ཅན་གྱི་སོན་རྩ་ཡིན།།

མཐོན་པའི་གསེར་གྱི་ཁྲི་ལ་བསྡད་དེ་ཨ་སྒོར་གཉེར་བའི་བླ་སྤྲུལ་མིན།།
ལྷད་མེད་ངུར་སྨྲིག་གོས་བཟང་གྱོན་ཏེ་ཆོས་མིན་རྩོམ་པའི་ཟོག་པོ་མིན།།
རིན་བྲལ་ནང་བསྟན་རིན་ཆེན་ནོར་བུར་ཕྱོགས་ཞེན་ཅན་གྱི་གྲྭ་བཙུན་མིན།།
རིགས་ཞེན་སྙིང་སྟོབས་ལང་ཚོ་རྒྱས་པའི་ཁ་བ་ཅན་གྱི་སོན་རྩ་ཡིན།།

གཞིས་བྱེས་བོད་མིའི་རྔུལ་ཆུས་བསྐྲུན་པའི་རྒྱུ་ནོར་ལྐོག་ཟ་བྱེད་མཁན་མིན།།
ཁྲམ་པའི་གྲལ་ལ་དགུང་དུ་སོན་ནས་དམངས་སེམས་བསླུ་བྲིད་བྱེད་མཁན་མིན།།
རང་དོན་རྐུབ་སྟེགས་སྲོག་ལྟར་གཅེས་པའི་སྤྱི་དོན་འབོར་བའི་འགོ་ཁྲིད་མིན།།
རིགས་ཞེན་སྙིང་སྟོབས་ལང་ཚོ་རྒྱས་པའི་ཁ་བ་ཅན་གྱི་སོན་རྩ་ཡིན།།

རྒྱལ་བའི་སྤྱན་སྔར་དམ་བཅའ་བླང་སྟེ་སྒེར་དོན་གཉེར་བའི་བཀའ་བློན་མིན།།
རྒྱལ་བའི་དྲུང་དུ་བོད་དོན་གླེང་ནས་བདེན་དོན་རྙོག་པའི་ཁྲིམས་དཔོན་མིན།།
རྒྱལ་བའི་དྲུང་དུ་སྤྲེལ་ལད་འཁྲབ་སྟེ་དབུ་སྐོར་ཞུ་མཁན་སྤྱི་འཐུས་མིན།།
རྒྱལ་བའི་བཀའ་བཞིན་སྒྲུབ་ལ་བརྩོན་པའི་ཁ་བ་ཅན་གྱི་སོན་རྩ་ཡིན།།