དཔའ་མཛངས་ལྡན་པའི་སྲིད་ཚབ་ཀླུ་ཁང་པ་མཆོག
༸གོང་ས་མཆོག་གིས་སྲིད་ཟུར་དམ་པ་ཀླུ་ཁང་པ་མཆོག་ལ་གཟིགས་སྟངས།
“ཀླུ་ཁང་པས་སྙིང་སྟོབས་ཆེན་པོས་རྒྱ་མིར་ལན་འདེབས་བྱས་པ་དེར་ཕྲན་བརྩི་མཐོངས་ཆེན་པོ་ཡོད།”
བོད་མི་རིགས་ནམ་ཡང་བརྗེད་ཐབས་བྲལ་བའི་སྲིད་ཚབ་དམ་པ་ཀླུ་ཁང་པ་མཆོག་གི་ཐོག་མའི་ཁྱིམ་ཚང་འབྱུང་ཁུངས་ནི།
ྋརྒྱལ་བ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་སྐབས་ཀྱི་གཞུང་ས་དགའ་ལྡན་ཕོ་བྲང་ཆེན་པོའི་ཞབས་འབྲིང་པའི་མི་རྒྱུད་ཡིན་པ་དང་།
བཀའ་གདམས་བསྟན་པའི་གདན་ས་འཕན་པོ་རིག་པའི་འབྱུང་གནས་སུ་ནང་སོ་ཐོབ་པའི་ཁྱིམ་ཚང་ཉི་ཤུ་རྩ་ལྔ་ཡོད་པའི་ནང་ཚན་བདེ་མཁར་ནང་སོ་ཞེས་པ་ཞབས་རྟེན་ཕ་གཞིས་སུ་གཏན་ཚིགས་དམར་ནག་དང་འབྲེལ་བའི་གསོལ་རས་བཀྲིན་བསྐྱངས།
མི་རབས་ནས་མི་རབས་བར་རྒྱུན་མ་ཆད་པར་ཞབས་འདེགས་གཟེངས་སུ་ཐོན་པ་ཞུས་པ། དེ་མཚུངས་ྋརྒྱལ་དབང་སྐུ་ཕྲེང་རིམ་བྱོན་དབྱར་དུས་སྤྲོ་སེང་དུ་ཆིབས་བསྒྱུར་གནང་ཡུལ་རྩེ་ཕོ་བྲང་ཆེན་པོའི་རྒྱབ་ཏུ་ཡོད་པའི་རྫོང་རྒྱབ་ཀླུ་ཁང་གི་ཁང་གཉེར་ལས་འཛིན་ཞུ་དགོས་སྟབས་ཕལ་ཆེ་བས་ཀླུ་ཁང་པ་ཞེས་འབོད་ཀྱི་ཡོད་པ་དང་།
གཞུང་གི་མཚན་ཐོའི་ནང་ཕ་གཞིས་ཀྱི་མིང་བདེ་མཁར་བ་ཅེས་ཞུ་ཡི་ཡོད། སྲིད་བློན་ཀླུ་ཁང་པ་མཆོག་ནི།
ཡབ་བདེ་མཁར་བ་ཚེ་དབང་འགྱུར་མེད་ཀྱི་སྲས་སུ་ སྤྱི་ལོ་ ༡༨༩༧ ལོར་སྐུ་འཁྲུངས་སོ།
སྲིད་ཟུར་དམ་པ་ཀླུ་ཁང་པ་མཆོག་ནི་མི་རིགས་ཀྱི་ལས་དབང་ཉག་ཕྲའི་སྐབས་སུ་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་དང་བཅུ་བཞི་པ་གཉིས་ཀྱི་དགྱེས་ཚོར་གནང་ཡུལ་དང་བོད་གཞུང་དགའ་ལྡན་ཕྲོ་བྲང་ཕྱོགས་ལས་རྣམ་རྒྱལ་ལ་ཞབས་ཞུ་ངོ་དགའ་སྤྲེལ་ལད་ཀྱིས་གཞན་དབང་དུ་མི་འགྱུར་བར་ཁ་ཡོད་ལག་ཡོད་ཀྱི་ཞབས་འདེགས་སྒྲུབ་མཁན་རླབས་ཆེན་གྱི་མི་སྣ་ཡིན་པ་མ་ཟད།
ཐུགས་གཤིས་མེ་ལོང་ལྟ་བུ་ཕྱི་གསལ་ནང་གསལ་ཞིག་ཀྱང་ཡིན།
ཆུ་གླང་། ཕྱི་ལོ་༡༩༡༣ ལོར་མདོ་སྨད་ཞི་དྲག་སྤྱི་འདོམས་བཀའ་བློན་བླ་མ་བྱམས་པ་བསྟན་དར་མཆོག་གི་ལས་བྱ་བཀའ་དྲུང་བསྐོ་བཞག་གནང་བ་ལྟར་མདོ་སྤྱི་གར་ཕེབས་ལྷན་བཅར་གནང་སྟེ་ཐོག་མར་ལྷོ་རྫོང་ཁུལ་དུ་བཞུགས་ཏེ་རི་བོ་ཆེ་དང་།
ཁྱུང་པོ་དཀར་ནག་སེར་གསུམ། དཔའ་ཤོད་ཁུལ་ཡོད་རྒྱ་དམག་རྣམས་མཐར་སྤྲོད་གནང་སྟེ་རིམ་བཞིན་ཆབ་མདོའི་ས་ཁུལ་ཡོངས་རྫོགས་ཚུར་བཞེས་ཏེ་མདོ་སྤྱིའི་བཞུགས་ཡུལ་ཆབ་མདོར་སྤོ་གནང་མཛད་པ་དང།
དམག་སྒར་ཁག་ལ་བཀོད་ཁྱབ་གནང་རྒྱུ། གསར་དུ་དཔུང་སྣོན་དང། ལས་སྣོན། རྫས་མདེལ་ཞུ་གཏོང་སོགས་ཀྱི་ཕྱག་ལས་ཕན་ནུས་ལྡན་པ་རྒྱ་ཆེར་གནང་བ་མ་ཟད།
ཆབ་འབངས་མི་སེར་གྱི་བདེ་སྡུག་སྙན་ཞུ་ཕུལ་རིགས་སྐབས་འཕྲལ་སོ་སོར་ཐོན་ཐབས་ཁོ་ན་ལས། སྒེར་ཕན་གྱི་དོན་དུ་འཕར་མའི་བརྡབ་བསིགས་བཏང་བའི་ལབ་གླེང་སྤུ་ཙམ་བྱུང་མྱོང་མེད།
ཆུ་ཕག་སྤྱི་ལོ་ ༡༩༢༣ ལོར་ཞབས་པད་ཚ་རོང་ཟླ་བཟང་དགྲ་འདུལ་གྲོ་མོ་ནོར་བུ་མཚོ་འཁྱིལ་དུ་གཞུང་གི་དངུལ་པར་ལེབ་གཏོང་ལ་གཟིགས་སྐོར་དང་།
རྒྱ་གར་དང་། བལ་ཡུལ་བཅས་པར་གནས་གཟིགས་སུ་ཕེབས་སྐབས་བཀའ་འབྲེལ་དམིགས་བསལ་ཞབས་ཞུར་གཏོང་གནང་མཛད་པ་ལྟར་ས་གནས་སོ་སོ་ནས་གང་ཅིའི་གསང་སྙན་སྐབས་འཕྲལ་སོ་སོར་འབུལ་ལམ་ཞུ་གནང་མཛད་པས་།
ཀུན་གྱིས་ཡི་སྨོན་བྱེད་ཡུལ་དུ་གྱུར།
ཆུ་སྤྲེལ། སྤྱི་ལོ་ ༡༩༣༢ ལོར་འཕྲུལ་ཐོག་ཤོག་དངུལ་ཚོན་ཁྲ་དཔར་འདེབས་བྱེད་མིའི་ཐུགས་འགན་རྣམས་ལྷ་གཉེར་ཀླུ་ཁང་པར་དམིགས་བསལ་གྱིས་གནང་རྐྱེན་ལོ་ཤས་རིང་གྲ་བཞི་གློག་འཕྲུལ་ཁང་རང་ལ་བཞུགས་ཏེ་ཤོག་དངུལ་དཔར་ཐོན་བསྡད་སོང་རྩིས་ཁྲ་སྨོས་ཅི།
མདོར་ན་མཚོན་དང་། ཤོག་རོ་ཚུན་ཆད་བདག་ཚགས་ཀྱིས་རྩིས་ཞུ་སོགས་ཁམས་དྭངས་གནང་བས་༸གོང་ས་བཅུ་གསུམ་པ་མཆོག་གིས་ཐུགས་དགྱེས་མཉེས་ཆེན་པོ་གནང་ཡུལ་ཞིག་ཀྱང་ཡིན།
དེ་རྗེས་༸གོང་ས་སྐྱབས་མགོན་བཅུ་གསུམ་པ་ཆེན་པོའི་གསེར་སྡོང་རིན་པོ་ཆེ་དགེ་ལེགས་འདོད་འཇོ་གསར་གཞེངས་སྐབས།
འགྲོ་གྲོན་གསེར་དངུལ་ཟངས་ལྕགས་དང་། ལས་མིའི་གླ་ཕོགས་འབྲུ་དངུལ་སོགས་བསྡད་སོང་རྩིས་ཚང་མའི་འགན་འཁུར་ལྷ་གཉེར་ཀླུ་ཁང་པས་བཞེས་ཏེ་ལོ་རྒྱུན་གང་ཙམ་ཕྱག་ལས་གནང་རིང་ལྷག་བསམ་རྣམ་དག་དང་།
སྦྱོར་དངོས་རྗེས་གཙང་གནང་བའི་མཛད་རྗེས་མི་དམན་པ་བཞག་ཡོད།
ས་སྟག་སྤྱི་ལོ་ ༡༩༣༨ ལོར་རྩིས་དཔོན་བསྐོ་གཞག་གནང་། ཆུ་ལུག་སྤྱི་ལོ་ ༡༩༤༣ ལོར་ནས་བཟུང་དགའ་ལྡན་སྟོན་ཆོས་དང་།
དགེ་བཤེས་གཏོང་བསྣོན། སྨོན་ཚོགས་ཐེབས་རྩ་སོགས་མ་དངུལ་འཕར་མ་བཅས་ཀྱི་རྩིས་ཁྲ་ཁག་གཙང་མར་བཟོས་གནང་ཡོད།
༸གོང་ས་མཆོག་གིས་ཐུགས་རེ་ཆེན་པོས་སྲིད་བློན་ཀླུ་ཁང་པ་མཆོག་སྲིད་ཚབ་ཏུ་བསྐོ་བཞག་གནང་དུས་སྐུ་དྲག་གཞན་ལྟར་གཟབ་རྒྱུན་ན་བཟའ་ལེགས་གྲས་སོགས་ཀྱི་མཐུན་རྐྱེན་གང་ཡང་མེད་སྟབས།
རྟགས་རྟེན་མ་འཇོལ་ཙམ་གྱི་མཛད་སྒོ་སྟབས་བདེ་ཞིག་གི་སྒོ་ནས་སྲིད་ཚབ་ཀྱི་བཞུགས་ཁྲིར་ཕེབས་པ་འདུག
སྣང་ར་དགེ་འདུན་བཟོད་པ་ལགས་ཀྱིས་“ སྐུ་ངོ་ཀླུ་ཁང་པས་ང་གཉིས་ཀྱི་ལག་པ་ནས་པད་ཤག་ཞ་ར་གཅིག་ཀྱང་མ་བཟས་པ་མ་ཟད་ཁ་བཏགས་སྐྱ་ཤ་ཙམ་ཡང་ལེན་མ་སོང་།”(1)ཞེས་གསུངས་པ་ལྟར་སྲིད་ཟུར་མཆོག་གི་རྒྱུན་ལྡན་གྱི་ཕྱག་ལས་གནང་སྐབས་ལྐོག་རྔན་སོགས་རྩ་བ་ནས་བཞེས་མྱོང་མེད།
༸གོང་ས་ཆེན་པོ་མཆོག་གྲོ་མོར་ཆིབས་བསྒྱུར་གནང་སྟེ་ཁམས་ཕྱོགས་ཀྱི་གནས་ཚུལ་ཉིན་རེ་བཞིན་ཉེས་འགན་ཇེ་ཆེར་འགྲོ་བའི་སྐབས་མི་ངན་འགའ་ཤས་ཀྱིས་ལྷ་སའི་ནང་འུར་གཏམ་ཆེད་བཟོས་རྐུན་ཇག་དང།
བཅོམ་འཕྲོག་ཡོང་རྒྱུར་ཚང་མར་བློ་གཡེང་ཆེན་པོ་བྱུང་ཡང། སྲིད་ཚབ་བློ་བདེ་རྣམ་གཉིས་ནས་ཐུགས་འགན་བཞེས་ཏེ་ལྷ་ཞོལ་གཉེར་མི་དཔོན་དང།
ཁྲིམས་སྲུང་རྣམས་ལ་བདེ་འཇགས་བལྟ་རྟོགས་དགོས་པའི་བཀའ་ཁྱབ་ཐོག གཞུང་ཞབས་སེར་སྐྱ་སྦྲེལ་པོ་ཁག་བགོས་ཀྱིས་མཚན་མོ་ལྟ་སྐོར་བྱེད་འཇུག་གནང།
གྲོང་ཁྱེར་གྱི་བཟའ་བཅའི་རིན་ཐང། མདོར་ན་གཟན་མེ་ཤིང་ཡན་གྱི་རིན་གོང་ལ་བལ་ཉོ་དཀོན་ཚོང་མི་ཆོག་པའི་ཞིབ་འཇུག
སྨོན་ཚོགས་སྐབས་འབྲས་སྤུངས་ཚོགས་ཆེན་དགེ་བསྐོས་ཟུང་ནས་སྔར་ལམ་ཁྲིམས་གནོན་བྱེད་རྒྱུར་བརྡབ་གསིགས་མི་ཆོག་པའི་ཚ་བརྗིད་ཅན་གྱི་བཀའ་ཁྱབ་འདོམས་པ་སོགས་ཡུལ་སྤྱིའི་བདེ་འཇགས་དང།
དཔལ་འབྱོར། ལྷག་པར་གཞུང་གི་སྔར་སྲོལ་སྒྲིག་ཁྲིམས་བཅས་ལ་ཐུགས་སྣང་ཧ་ཅང་ཆེན་པོ་གནང་སྟེ་ཡུལ་མི་སེར་སྐྱ་མཆོག་དམན་ཚང་མས་སྲིད་ཚབ་བློ་བདེ་གཉིས་ནས་མཚན་དོན་དང་མཚུངས་པའི་ང་ཚོ་བློ་བདེ་བག་ཕེབས་བཟོས་གནང་བྱུང་ཞེས་ཀུན་གྱི་སྤྱི་མོས་དང།
བསྔགས་བརྗོད་ཆེན་པོ་ཞུ་བཞིན་ཡོད་འདུག
སྲིད་ཚབ་རྣམ་གཉིས་ཀྱིས་༸གོང་ས་མཆོག་གི་ཐུགས་རེ་ལྟར་“གཞུང་དོན་ཕྱག་ལས་གཡོ་ཟོལ་ཉིན་གཅིག་ཙམ་ཡང་གནང་མེད་པར་ལོ་འཁོར་གཉིས་ཙམ་གནང་རིང།
དགུང་གསར་སོགས་འཆར་འཕར་མཛད་སྒོ་ཁག་དང་། རེས་གཟའ་སྤེན་པའི་མཛད་སེང་ཙམ་ལས། དུས་ཀུན་ཤོད་གཟིམ་ཆུང་དུ་ལྷན་རྒྱས་རྟག་ཕེབས་གནང་བ་ལས།
སྙུན་དགོངས་དང། དལ་བཞུགས་སོགས་རྩ་བ་ནས་མི་གནང་བར་ཕྱག་ལས་ཆེ་ཆུང་གང་འདྲ་ཞིག་ཡིན་རུང།
སྐུ་ངོ་སྲིད་ཚབ་གཉིས་ཕན་ཚུན་”(2) གཅིག་འོག་གཅིག་ཏུ་མ་འདུས་པ་ལྟ་བུ་མ་མིན་པར་ཕན་ཚུན་དགོངས་ཚུལ་ལྷུག་པོར་བརྗོད་དེ་ཐག་གཅོད་གནང་གི་ཡོད།
སྤྱི་ལོ་ ༡༩༥༡ ལོར་རྒྱ་དམག་གིས་ཆབ་མདོར་དྲག་པོའི་བཙན་འཛུལ་བྱས་ཏེ་བཙན་ཤེད་ཆེན་པོས་ཐམ་ག་རྫུན་མ་བཟོས་ཏེ་ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་བཅུག་ནས་རྒྱ་དཔོན་ཀྲང་ཅིང་ཨུ་ལྷ་སར་ཐོག་མར་འབྱོར་སྐབས།
ཕན་ཚུན་འཚམས་འདྲི་གནང་རྗེས། ཁོ་བས་བོད་ཞི་བའི་བཅིངས་བཀྲོལ་ཐོབ་ནས་གྲོས་ཆོད་ཞི་དོན་ལེགས་འགྲིགས་ཟིན་པར་སྲིད་ཚབ་རྣམ་གཉིས་ཐུགས་མཉེས་པོ་བྱུང་ཡོད་ཀྱི་རེད་ཅེས་བརྗོད་དུས།
“སྲིད་བློན་ཀླུ་ཁང་པས་དེའི་སྐོར་ལ་རིམ་པས་བཀའ་མོལ་ཞུ་རྒྱུ་ཡོད་”
(3)ཅེས་རྒྱ་དམར་གྱི་བྱ་སྤྱོད་ལ་མི་འདོད་པའི་རྣམ་འགྱུར་གསལ་པོར་བསྟན།
བོད་རྒྱ་གཉིས་ཀྱི་ལས་དོན་སྐོར་གལ་ཆེའི་ཚོགས་འདུ་འཚོགས་སྐབས། བོད་མི་མང་གི་བདེ་སྡུག་ཁོ་ན་ཐུགས་སུ་བཅངས་ཏེ།
རྒྱ་དམར་གྱིས་དྲག་ཤུགས་དཔུང་ངོམ་དང། འཇམ་རྩུབ་ཇི་ལྟར་བྱས་ཀྱང་། རྩ་བའི་ཞི་དོན་གྲོས་ཆོད་རྩ་བཟུང་གིས་འདི་དང་འདི་ཁྱོད་ཚོས་འགལ་བ་བྱས་སོང།
འདི་དང་འདི་གྲོས་ཆོད་ནང་གསལ་མེད་ཅེས་དངོས་སུ་ངོ་ལྐོག་མེད་པར་ཁ་ཐུག་གསུངས་ཀྱི་ཡོད། ཀྲང་ཅིང་ཨུས་ཚོགས་འདུ་སར་ང་ཚོའི་བཟའ་བཅའ་ཡོངས་རྫོགས་བོད་ནས་གོ་སྒྲིག་བྱེད་དགོས།
དེ་ལྟར་མི་བྱས་ན་མི་འགྲིགས་ཞེས་བཙན་ཤེད་ཀྱི་སྒོ་ནས་བཤད་དུས། སྲིད་ཚབ་ཀླུ་ཁང་པས་”བོད་མི་རྣམས་སྙོམས་ཆུང་ཆོས་བྱེད་པ་ཡིན་སྟབས་ཡུལ་གྱི་ཐོན་སྐྱེད་རང་ཉིད་ལ་ལྡེང་ཙམ་ལས་མེད།
ཁ་ལྷག་ཕྲན་བུ་ཡོད་རིགས་ནས་རྒྱ་དམག་རྣམས་ལ་ཟླ་བ་རེ་ཟུང་ལས་མེད་ལྡེང། གློ་བུར་དུ་ཐོན་སྐྱེད་མང་པོ་བཟོ་མི་ཐུབ་ལྷ་སར་དམག་ཤུགས་ཆེན་པོ་འདི་འདྲ་ཉར་དགོས་པའི་རྒྱུ་མཚན་མེད།”(4)ང་ཚོ་བོད་མི་དམངས་ལའང་བཟའ་འབྲུ་འདང་མིན་ལ་འབྲུ་རིགས་ཕོན་ཆེན་ཚོང་ཐབས་མི་འདུག་ཅེས་གསུངས་པ་མ་ཟད།
“དམག་ཤོར་བ་ལས་གྲོད་ཁོག་ལྟོགས་པ་དཀའ་ལས་ཁག་གི་རེད་ཨཱ་”(5)
ཅེས་རྒྱ་དམར་གྱིས་ཞི་བདེ་བག་ཕེབས་ལ་གནས་པའི་བོད་མི་རྣམས་ཀྱི་མགོ་ཐོག་ཏུ་ཧམ་ཤེད་ཆེན་པོས་བཙན་འཛུལ་བྱས་པར་མི་འདོད་པའི་རྣམ་འགྱུར་གསལ་པོར་བསྟན་ཡོད།
ཡང་ཀྲང་ཅིང་ཨུས་ང་ཚོའི་གཞུང་ནས་གྲོས་མཐུན་ལ་མིང་བཏགས་བཀོད་གསལ་ལྟར་རྒྱ་དམག་བོད་དུ་འཇོག་དགོས་ཤིང།
སྡོད་ས་དང་བཟའ་ཆས་སྤྲོད་དགོས། ཁོང་ཚོ་ནི་བོད་ཀྱི་ཐོན་སྐྱེད་ཡར་རྒྱས་དང། བཙན་རྒྱལ་རིང་ལུགས་ཀྱི་བཙན་ཤུགས་འོག་ནས་སྲུང་སྐྱོབ་བྱེད་ཆེད་ཡོང་བ་ཡིན།
བོད་མི་རྣམས་རང་མགོ་ཐོན་པ་དང། ས་མཚམས་ཀྱི་སྲུང་སྐྱོབ་བོད་མིས་བྱེད་ཐུབ་ན་རྒྱ་དམག་རྣམས་རྒྱ་ནག་ཏུ་ཕྱིར་ལོག་བྱེད་ཀྱི་ཡིན།
ཁྱོད་ཚོ་ཁྱེད་རང་ཚོའི་རྐང་པའི་སྟེང་ལ་ལངས་ཐུབ་ན་ང་ཚོར་སྡོད་རོགས་བརྗོད་ཀྱང་སྡོད་ཀྱི་མ་རེད་ཅེས་བརྗོད་དུས་“སྲིད་བློན་ཀླུ་ཁང་པས་ང་ཚོའི་ས་མཚམས་སུ་ཉེན་ཁ་བཟོ་མཁན་རྒྱ་མི་མ་གཏོགས་མེད། ང་ཚོ་རང་མགོ་ཐོན་ནས་ལོ་བརྒྱ་ཕྲག་མང་པོ་ཕྱིན་སོང་ཞེས་དང་
ཁྱོད་ཚོ་བོད་དུ་རོགས་རམ་ཆེད་ཡོང་ཚུལ་བརྗོད་མུས་ཀྱང་། ད་ཕན་རོགས་རམ་གང་ཡང་བྱས་མ་སོང་བ་མ་ཟད།
རྒྱ་མི་བོད་ལ་ཡོད་པ་ཙམ་གྱིས་ང་ཚོར་དཀའ་ངལ་ཡོང་གི་འདུག་” (6)ཅེས་བདེན་དོན་ངོ་མ་རྣམས་ཞུམ་པར་མེད་གསུངས་ཡོད།
དེ་ནས་ཉིན་ཤས། རྒྱ་དམར་གྱི་དཔོན་རིགས་ཚོས་བོད་དམག་རྣམས་བཅིངས་བཀྲོལ་དམག་ལ་བསྒྱུར་བའི་དུས་སུ་བབས་ལུགས་དང་།
བོད་དམག་གཞོན་ནུ་འདེམས་བསྒྲུགས་ཀྱིས་ལྷ་སར་རྒྱ་མིའི་དམག་སྒར་ནང་ལ་སློབ་སྦྱོང་དུ་གཏོང་དགོས་ཞེས་བརྗོད་སྐབས་“ཀླུ་ཁང་པས་སྔར་ལས་ཤུགས་ཆེ་བརྗོད་དོན། བསམ་འཆར་དེ་ནི་དགོས་དོན་མེད་ལ་ཁས་ལེན་ཐུབ་པའང་མ་རེད།
རྒྱ་ནག་ཏུ་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་ཚུལ་རྒྱ་མི་ཚོས་བརྗོད་པ་དེ་དག་ང་ཚོའི་མི་མང་ནས་ཁས་ལེན་བྱས་པ་མེད།
གྲོས་མཐུན་གྱི་དོན་ཚན་རྣམས་ལ་ནི་རྒྱ་དམར་རང་ཉིད་ནས་ཡང་ཡང་འགལ་འདས་བྱས། བོད་ཤར་ཕྱོགས་ད་དུང་རྒྱ་མིའི་དམག་འོག་ཏུ་ཡོད།
ས་ཆ་དེ་རྣམས་བོད་གཞུང་ལ་ཕྱིར་སྤྲོད་དགོས་ཀྱང་སྤྲད་ཡོད་པ་མ་རེད། བོད་ལ་རྒོལ་འཛིངས་བྱས་པ་ནི་བདེན་འབྲེལ་ཞིག་མ་ཡིན།
ཞི་བའི་གྲོས་མོལ་བྱེད་སྐབས་རྒྱ་མིའི་དཔུང་དམག་དངོས་སུ་ས་ཐོག་ཏུ་བཙན་འཛུལ་བྱས་པ་རེད།
བོད་དམག་རྒྱ་དམག་ཏུ་བསྒྱུར་རྒྱུའི་ཐད་ལ་བཅོས་སྒྱུར་སྐོར་བོད་མིར་བཙན་ཤེད་མི་བྱེད་པ་གྲོས་མཐུན་ནང་གསལ་ཡོད།
བཅོས་བསྒྱུར་དེ་ལ་བོད་མིས་དགའ་མོས་མི་བྱེད་ཅེས་ ” (7) རྒྱ་དམར་གྱི་སྲིད་བྱུས་ཀོ་བ་སྐམ་པོ་མགོ་ལ་གཡོག་པ་ལྟ་བུ་དེ་ལ་དངོས་སུ་ངོ་རྒོལ་གནང་ཡོད།
གཡོ་སྒྱུ་ཁྲམ་གསུམ་ལ་བྱང་ཆུབ་པའི་རྒྱ་དམར་ཀྲང་ཏའེ་པེའོ་དང་། ཀྲང་གོ་ཧྭ་སོགས་ནས་བོད་དམག་འདི་རྣམས་ཁོ་བ་ཚོའི་ལག་འོག་ཏུ་བེད་སྤྱོད་གཏོང་རྒྱུའི་བྱུས་ངན་བོད་དམག་གི་རུ་བརྒྱ་མང་པོ་ལས་མེད་དུ་བསྡད་ཡོད་ཤིང་ཁོང་ཚོར་འཚོ་བ་དང།
སློབ་སྦྱོང་གི་བཀོད་སྒྲིག་བྱས་ན་ཞེས་བརྗོད་དུས་“སྲིད་བློན་མཆོག་གིས་གསུང་དོན། ད་ལྟ་ཁོ་ཚོར་སློབ་སྦྱོང་བྱས་ན་འགྲིགས་ཀྱི་མ་རེད།
དེ་གང་ཡིན་ཟེར་ན། བོད་ཀྱི་གཏམ་དཔེར། མགོ་གསེར་སྐུས་བཅག་ན་བྱིན་རླབས་མེད།། དམའ་ཉེ་བས་ཕབ་ན་དགའ་རྒྱུ་མེད།། ཟེར་བ་ལྟར་ཆབ་མདོར་ང་ཚོའི་མགོ་བོ་བརྡུངས་བའི་ཁྲག་རལ་མ་སྐམ་པར་སློབ་སྦྱོང་བྱེད་ཐབས་ག་ལ་ཡོད།
དེ་ལས་སྔོན་ལ་ཆབ་མདོ་ང་ཚོར་ཕྱིར་སློག་གནང་དགོས་”(8) ཟེར་ཞེས་རྒྱ་དམར་གྱིས་ཞི་བའི་བཅིངས་འགྲོལ་ལ་ཁ་གཡར་ནས་བོད་མི་དམར་གསོད་བཏང་བའི་སྐོར་ལ་འཇིགས་ཞུམ་སྤུ་ཙམ་མེད་པར་རང་སྲོག་བློས་བཏང་གིས་ངོ་རྒོལ་གནང་།
རྒྱ་དཔོན་གྱིས་ཁ་མཁས་བསླུ་བྲིད་ཀྱི་བོད་རྒྱ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་དགོས་པ་དང།
བོད་ཀྱི་རྒྱལ་དར་དེ་བོད་ཀྱི་དམག་སྒར་ཁག་ནས་ཕབ་སྟེ་རྒྱ་མིའི་དར་ཆ་འཛུགས་དགོས་ཚུལ་བརྗོད་པར་“ཀླུ་ཁང་པས། རྒྱ་མིའི་དར་ཆ་བཙུགས་ན་བོད་དམག་གིས་ཕབ་ཀྱི་རེད།
དེ་ལྟར་བྱུང་ན་ངོ་ཚ་པོ་ཡོང་གི་རེད་ཅེས་དང། ཡང་བོད་དུ་རྒྱ་མིས་བཙན་འཛུལ་བྱས་ཟིན་པར་བརྟེན་འབྲེལ་ལམ་བཟང་པོ་བྱེད་དགོས་ཚུལ་བརྗོད་པ་དེར་སྙིང་པོ་ཡོད་པ་ཞིག་མ་རེད།
མི་ཞིག་གི་མགོ་ལ་བརྡུངས་ཏེ་ཀ་ལི་བཅག་ནས་ཁྲག་མ་བསྐམ་པར་ཡོད་མུས་སུ་དེ་དང་ལམ་སེང་གྲོགས་པོ་ཡོང་ཐབས་མེད་པ་ལྟར་རེད་” (9)ཅེས་སོགས་གཡོ་བྱུས་ལ་ལན་ཚ་བོ་ཚ་བོ་ཐད་ཀར་གསུངས་པས་ཕན་མིང་ཁོང་ཁྲོ་ལངས་ནས་སྐད་ཅོར་ཆེན་པོ་ངང་ཀླུ་ཁང་པས་ལྐོག་ཏུ་ཕྱི་རྒྱལ་བཙན་རྒྱལ་རིང་ལུགས་དང་འབྲེལ་བ་བྱས་ཚུལ་བརྗོད་ནས།
ཀླུ་ཁང་པ་ལས་འཁུར་ཕྱིར་འཐེན་དགོས་ཚུལ་ཏཱ་ལའི་བླ་མར་ཞུ་རྒྱུ་ཡིན་ཞེས་བརྗོད་པར།
“ཀླུ་ཁང་པས་ཏཱ་ལའི་བླ་མས་ངས་ནོར་འཁྲུལ་བྱས་པ་གཟིགས་ཀྱི་ཡོད་ན་ལས་འཁུར་ལས་ལྷག་པ་སྲོག་ཀྱང་གཏོང་གི་ཡིིན།
དེ་མིན་རྒྱ་མིས་ང་ཚོར་བཀའ་གནང་དགོས་དོན་མེད། རྒྱ་མིའི་བཀའ་ལ་མི་ཉན་ཐག་ཆོད་ཡིན་”(10)ཞེས་རྒྱ་དམར་གྱིས་དངུལ་དང་དེ་མིན་ཞི་དྲག་ཐབས་ཤེས་ཇི་ལྟར་བེད་སྤྱོད་བཏང་ན་ཡང་སྲིད་བློན་མཆོག་གིས་“གཡོག་ངན་ངོ་སྲུང་དཔོན་གྱི་དགྲ་རེད་”(11) ཅེས་གསུངས་ཀྱི་ཡོད་ལ།
དོན་དངོས་སུའང་རྒྱ་དམར་ཕྱོགས་ནས་དྲག་པོའི་འཇིགས་སྐུལ་ལ་མ་ལྟོས་པར་རྒྱ་མིའི་གཔོན་རིགས་ཚོ་དང་གདོང་གཏུགས་ཀྱིས་ཐད་ཀར་ལན་འདེབས་ཐེངས་མང་གནང་བ་རེད།
“རྒྱ་དཔོན་ཀྲང་ཅི་ཨུ་དང་། ཀྲང་ཀོ་ཧཱ་སོགས་ཀླུ་ཁང་པའི་གཟིམ་ཁང་དུ་ཐེངས་མང་བཅར་སྐབས།
ཁོང་ཚོ་དང་ཆབ་སྲིད་ཐོག་ནས་བཀའ་མོལ་གནང་དུས་རྩ་དོན་དམ་བཟུང་གིས་སྐབས་རེ་ཛ་དྲག་ཙམ་དང།
སྐབས་རེ་ཞི་འཇམ་ཙམ་གནང་སྟེ་གང་ལྟར་རྒྱ་མིའི་གཡོ་སྒྱུའི་འོག་ནམ་ཡང་མ་ཚུད་པ་དང་། རྒྱ་མིའི་ལག་ནས་རྡ་ཡང་གཅིག་ཀྱང་བཞེས་མྱོང་མེད།”
(12)ཁོང་གིས་གཞན་གྱིས་ངོ་སྲུང་སྟེ་སྤྱི་དོན་ཆེད་བཤད་དགོས་སར་བཤད་མ་ཐུབ་པ་དང།
ལས་དོན་བྱེད་དགོས་པ་རྣམས་བྱེད་མ་ཐུབ་ན། དེ་དངོས་གནས་དཔོན་གྱི་དགྲ་རེད་ཅེས་རྒྱ་དཔོན་ཚོ་དང་།
གདོང་དང་གདོང་གཏུགས་ཀྱིས་ཐད་ཀར་ལན་འདེབས་ཁ་རི་ཁ་ཐུག་ཐེངས་མང་གནང་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་སྲོག་དོར་དགོས་བྱུང་ནའང་འགྱོད་པ་སྤུ་ཙམ་མེད་ཅེས་ཡང་ཡང་གསུངས་མྱོང་ཡོད།
དེར་བརྟེན་སྤྱི་ལོ་ ༡༩༥༢ ལོར་༸གོང་ས་མཆོག་གིས་རྒྱ་དམར་གྱིས་གནོན་ཤུགས་དྲག་པོའི་འོག་ལ་དཀའ་ཚེགས་ཅན་གྱི་ལས་ཀ་ཞིག་བྱེད་དགོས་བྱུང་ཞེས་གསུངས་པ་བཞིན་སྐུ་ཉིད་ཐུགས་ཕམ་ཆེན་པོའི་ངང་ནས་སྲིད་ཚབ་རྣམ་གཉིས་ལ་དགོངས་ཞུ་གནང་དགོས་བྱུང་།
སྤྱི་ལོ་ ༡༩༥༦ ལོར་༸གོང་ས་མཆོག་སྟོན་པ་མྱ་ངན་ལས་འདས་ནས་ལོ་ངོ་
༢༥༠༠ འཁོར་བའི་མྱ་ངན་དུས་དྲན་སྐབས་སུ་བཅར་དུས་སྲིད་ཟུར་དམ་པ་མཆོག་གི་གཏན་ཞལ་ལྷན་རྒྱས་མཉམ་དུ་བཅར་ཡོད།
དེ་ནས་སྲིད་ཟུར་དམ་པ་མཆོག་རྒྱ་གར་ཀ་སྦུག་ཏུ་གཏན་བཞུགས་གནང་ནས་བོད་ཀྱི་བདེ་དོན་ཚོགས་པ་བཙུགས།
སྤྱི་ལོ་ ༡༩༥༦ ལོར་༸རྒྱལ་བ་རིན་པོ་ཆེ་རྒྱ་གར་ལ་ཆིབས་སྒྱུར་གནང་རྗེས།
སྲིད་ཟུར་དམ་ཀླུ་ཁང་པ་མཆོག་དང་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་སོགས་ཀྱིས་རྒྱ་གར་རམ་ཕྱི་རྒྱལ་དུ་སྐྱབས་བཅོལ་ལ་ཕེབས་དགོས་པའི་སྐོར་འབོད་སྐུལ་ནན་པོ་ཞུས།
༸གོང་ས་མཆོག་བོད་ལ་ལོག་ཕེབས་དགོས་མིན་ཐད་ལ་ཐུགས་ཐག་མ་ཆོད་པར་། མཐར་དཔོན་རིགས་འགའ་རེས་སྲིད་བློན་མཆོག་ལ་གསང་བ་བྱས་ཏེ་གནས་ཆུང་གསོལ་ནས་ལྷའི་ལུང་ཞུ་རྒྱུ་གྲོས་ཐག་བཅད།
གནས་ཆུང་ཕེབས་ནས་ཁོང་གིས་བོད་ལ་ཕྱིར་ཕེབས་གནང་ན་ལེགས་པའི་ལུང་བསྟན་གནང་སྟབས། སྲིད་ཟུར་མཆོག་གིས་ལྷན་རྒྱས་ཡོད་ས་དེ་ག་རང་ལ།
མི་འུ་ཐུག་ན་ལྷ་ལ་དྲིས། ལྷ་འུ་ཐུག་དུས་སྐྱག་རྫུན་བཤད་ (13)ཅེས་༸གོང་ས་མཆོག་ལ་ཁ་རི་ཁ་ཐུག་ཏུ་ཞུས་ནས། ད་རྒྱལ་བའི་སྐུ་སྲོག་དང་བོད་སྤྱི་པའི་བདེ་རྩར་ཐུག་པའི་གནད་དོན་ཆེན་པོ་འདི་འདྲ།
ངེས་པར་དུ། བོད་ཕྱི་ནང་གཉིས་ཀྱི་གནས་ཚུལ་དང་། རྒྱ་གར་གཞུང་གི་གནས་སྟངས།
དེ་བཞིན་བོད་དོན་དང་འབྲེལ་བའི་ཆབ་སྲིད་པ་དང་།
ཉམས་མྱོང་ཅན་གྱི་སེར་སྐྱ་གཞུང་ཞབས་རྣམས་དང་གོ་བསྡུར་བྱས་ནས། གོང་ས་མཆོག་གིས་ཐག་གཅོད་གནང་ན་ལེགས་ཞེས་ཞུས་ཀྱང་དོན་འབྲས་མ་བྱུང་།
མེ་བྱ་སྤྱི་ལོ་ ༡༩༥༧ ལོར་མཁལ་གྲང་གི་སྙུན་གཞི་ལྕེ་མོ་བྱུང་བས་ཀ་ཏར་ཧ་རིང་ཀྲིན་ནར་སིང་ཧོམ་ཞེས་པའི་སྨན་ཁང་དུ་ཟླ་གཉིས་ལྷག་བཞུགས་དགོས་བྱུང་།
སྤྱི་ལོ་ ༡༩༥༨ / ༡༩༥༩ བཅས་སོ་སོའི་ནང་ལ་སྲིད་ཟུར་མཆོག་གི་སྐུའི་སྙུན་གཞི་ལྕི་མོ་བཞེས་ཡོད་ནའང་ཉིན་རེ་བཞིན་རྒྱ་གར་གཞུང་དང་ད་མིན་ཕྱི་རྒྱལ་གཞུང་ཚབ་ཁག་ལ་རྒྱ་དམར་གྱིས་ད་ལྟ་བོད་ལ་དྲག་པོ་བཙན་འཛུལ་བྱས་ཏེ་བོད་མིར་གདུག་རྩུབ་ཆེན་པོས་དྲག་གནོན་བྱེད་བཞིན་པ་དེ་དག་མཚམས་འཇོགས་དང་འབྲེལ།
བོད་རང་བཙན་གནས་ཐབས་བདེན་པའི་རྒྱབ་སྐྱོར་གནང་དགོས་པའི་ཞུ་འབོད་ཞུ་རུ་ལྡི་ལིར་ཡང་ཡང་ཕེབས་ཀྱི་ཡོད།
༸གོང་ས་མཆོག་གིས་ཡང་བསྐྱར་སྲིད་ཟུར་དམ་པ་མཆོག་ལ་སྲིད་ཚབ་ཀྱི་ཐུགས་འགན་བཞེས་དགོས་པའི་བཀའ་གནང་ཡང་།
སྐུའི་སྙུན་གཞི་དང་དགུང་བབས་ཀྱིས་ཐུགས་འགན་བཞེས་མ་དགོས་པའི་དགོངས་པ་ཞུས། (༸གོང་ས་མཆོག་གིས་ད་དུང་ཕྲན་ལ་སློབ་སྟོན་གནང་བཞིན་ཡོད་ཅེས་གསུངས།)དེ་མིན་མཛད་སྒོ་ཁག་དང་། གཞན་ཡང་གལ་ཆེའི་གྲོས་ཚོགས་ཁག་ལ་བཅར་ནས་ལམ་སྟོན་གནང་རྒྱུའི་དམ་བཅའ་ཞུས།
དེ་ནས་ཀ་སྦུག་ནས་གཏན་ཞལ་ཚང་མར་རྡ་སར་ཕེབས་བཞུགས་གནང་། སྤྱི་ལོ་ ༡༩༦༥ ལོ་ནས་སྙུན་གཞི་ཇེ་སྡུག་ཏུ་ཕྱིན་ཏེ་
སྤྱི་ལོ་ ༡༩༦༦ ཟླ་བ་ ༢ ཚེས་ ༡ ཉིན་བོད་ཀྱི་ལམ་ལུགས་རྙིང་པ་འགྱུར་བ་གཏོང་འདོད་སྐོམ་པ་ཆུ་འདོད་ལྟར་ཡོད་མཁན་གྱི་རླབས་ཆེན་གྱི་མི་སྣ།
བོད་རྒྱལ་ཁབ་ཆེན་པོའི་གཞུང་ཞབས་རྙིང་གྲས་མི་ཐོག་ནས་མི་ཐོག་ནས་གཞུང་མང་གཉིས་ལ་སྲི་ཞུའི་ཞབས་འདེགས་གཟེངས་སུ་ཐོན་པ་སྒྲུབ་མཁན་སྲིད་ཟུར་དམ་པ་ཀླུ་ཁང་པ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པ་རེད།།
།།
(1) དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ།
ཤོག་གྲངས་༡༩༡ ནང་གི་ཡིག་གྲངས་ ༡༤ དང་། ཤོག་གྲངས་ ༢༠༥ ནང་གི་ཡིག་གྲངས་ ༡༤ ནང་བཅས་ལ་གསལ།
(2) སྐུ་ངོ་ཐུབ་བསྟན་བསམ་མཆོག་ལགས་ཀྱི་གསུང་བཤད། སྲིད་བློན་ཀླུ་ཁང་པའི་སྐུ་ཚེའི་མཛད་རྗེས་སྙིང་བསྡུས་ཤོག་གྲངས་
༡༣ ནང་གསལ།
(3)སྲིད་བློན་ཀླཱུ་ཁང་པའི་སྐུ་ཚེའི་མཛད་རྗེས་སྙིང་བསྡུས། ཤོག་གྲངས་ ༡༤ ནང་གསལ།
(4)ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་།
ཤོག་གྲངས་ ༡༡༣ ནས་ ༡༡༤ བར་གསལ།
(5)བོད་ཀྱི་རིག་གནས་ལོ་རྒྱུས་རྒྱུ་ཆ་བདམས་བསྒྲིགས། སྤྱིའི་འདོན་ཐེངས། ༡༦ ཤོག་གྲངས་
༢༥༧ ནང་གསལ།
(6) ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་། ཤོག་གྲངས་ ༡༠༦ ནས་ ༡༠༧ བར་གསལ།
(7) མཛད་རྣམ་རྒྱ་ཆེ་སྙིང་རྗེའི་རོལ་མཚོ། དེབ་ཕྲེང་ལྔ་པ། ཤོག་གྲངས་ ༥༤ ནང་གསལ།
(8) བོད་ཀྱི་རིག་གནས་ལོ་རྒྱུས་རྒྱུ་ཆ་བདམས་བསྒྲིགས། སྤྱིའི་འདོན་ཐེངས། ༡༦ ཤོག་གྲངས་
༢༥༧ ནས་ ༢༥༨ བར་གསལ།
(9) ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་། ཤོག་གྲངས་ ༡༡༡ ནང་གསལ།
(10) ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་། ཤོག་གྲངས་ ༡༡༢ ནང་གསལ།
(11) བོད་ཀྱི་སྲིད་དོན་རྒྱལ་རབས། སྨད་ཆ། ཤོག་གྲངས་ ༤༦༣ ནང་གསལ།
(12)མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ། དེབ་ཕྲེང་ལྔ་པ།
(13) ༸རྒྱལ་བའི་མཛད་རྣམ། ཕྱི་ཡུལ་དུ་རང་དབང་། ཤོག་གྲངས་ ༡༩༢ ནང་གསལ།
No comments:
Post a Comment