Saturday, 21 April 2012

ཨ་མ་དྲན་གདུང་།




སྐྱི་གཡའ་བ་ཡི་སྲིད་པའི་བར་མདོ་ནས།།
ལང་ལོང་གང་འགྲོ་མེད་པའི་་རྣམ་ཤེས་ཤིག།།
ཁབ་ཏུ་བཞེས་ཏེ་དལ་བའི་རྟེན་བཟང་འདི།།
སྦྱིན་མཁན་སྐྱེས་མ་ཁྱེད་ཉིད་སྙིང་ནས་དྲན།།

བྱིས་པའི་སྣ་ལུད་ཞལ་གྱིས་བྱི་དོར་མཛད།།
བྱིས་པའི་གཅིན་གྲངས་རང་གིས་མལ་དུ་བཏིང་།།
བྱིས་པའི་ལུས་དམར་ཚ་གྲང་འཁྱགས་དོགས་ཀྱིས།།
དྲོ་འཇམ་སྤུ་ཕྲུག་གནང་མཁན་སྐྱེས་མ་དྲན།།

མི་ཚོགས་ཁྲོད་དུ་བག་མེད་སྤྱོད་པ་ཡིས།།
ལམ་སྟོན་རིན་ཆེན་ནོར་བུར་འཁང་ར་བྱས།།
བྱ་ངན་ངོ་སོའི་ལས་ལ་ཉིན་སྦྲེལ་ཡང།།
ཞིམ་མངར་ཟས་ཀྱིས་བསྐྱངས་པའི་སྐྱེས་མ་དྲན།།

རྣམ་དཔྱོད་རིག་པའི་ཤེས་རབ་གཏེར་དུ་སྦས།།
མི་གཙང་ཟས་ལ་དང་གའི་དབྱེ་བ་བྲལ།།
ཉིན་མཚན་དུས་ཀྱི་ལྷིང་འཇགས་དཀྲོགས་ན་ཡང།།
བྱམས་བརྩེའི་འཛུམ་ཞལ་གསར་པས་བསུ་བ་གནང།།

བྱིས་པའི་ངང་ཚུལ་རང་འདོད་ཉིན་མཚན་འབྲེལ།།
ལེགས་ཉེས་བཀའ་སློབ་རླུང་གི་མགྲོན་དུ་བཏང།།
ཁྱི་ལྡོམ་བཞིན་དུ་གང་སར་ཉུལ་ན་ཡང།།
གང་དགའ་གང་འདོད་སྦྱིན་པའི་སྐྱེས་མ་དྲན།།

ལང་ཚོའི་མེ་ཏོག་བཅུད་ལྡན་ཟས་ཀྱི་འཚོ།།
ལང་ཚོའི་ཟེའུ་འབྲུ་བྱམས་དང་བརྩེ་བས་འཚོ།།
ལང་ཚོའི་འདབ་མ་ཞིམ་དམར་རོ་ཡིས་འཚོ།།
ཡོད་ཚད་བུ་ལ་སྦྱིན་པའི་སྐྱེས་མ་དྲན།།

བཞིན་རས་སྟེང་ལ་སྙེར་མས་བྲོ་གར་འཁྲབ།།
འཇམ་མཉེན་ཕྱག་གིས་ངང་པའི་ལག་པར་འགྲན།།
ཉིན་མཚན་དུས་དྲུག་ངལ་དུབ་ལས་ལ་བྲེལ།།
བྱམས་བརྩེའི་ལང་ཚོ་བརྟས་པའི་སྐྱེས་མ་དྲན།།

གངས་རིའི་ཁ་དོག་དབུ་སྐྲས་འཕྲོག་སྟེ་གྱོན།།
དྭང་གཙང་འདྲེན་བྱེད་མེ་ལོང་རབ་རིབ་གྱུར།།
རྒས་པ་སྲིན་བུས་ལང་ཚོ་བཅོམ་ན་ཡང།།
བྱས་ཚད་བུ་ལ་བསྟོད་པའི་སྐྱེས་མ་དྲན།།

No comments:

Post a Comment